འགོ་བརྗོད་མེ་ཏོག་འཕྲེང་མཛེས་ཞེས་བྱ་བ།(藏文)

发表于 讨论求助 2021-10-24 08:00:08

多识仁波切甘肃天祝藏族自治县朵什寺第六世寺主活佛

传播:藏传 | 藏文化 | 雪域当代深孚众望的学者和教育工作者。


འགོ་བརྗོད་མེ་ཏོག་འཕྲེང་མཛེས་ཞེས་བྱ་བ།

 

སྣོད་བཅུད་ཀྱི་བཀོད་པ་ཁྱད་དུ་འཕགས་པ།ལོ་རྒྱུས་སྟེང་དུ་སྟོད་སྨད་བར་གསུམ་གྱི་དཔའ་སྡེའམ་བོད་ཀྱི་དམག་སྡེ་གསུམ་གྱི་ནང་ཚན།རྒྱ་ནག་ལྕགས་རིའི་མཚམས་སུ་གནས་པའི་སྨད་ཀྱིདཔའ་སྡེ་རུ་གྲགས་པའི་དཔའ་རིས་བོད་དཀར་བོ་གནས་པའི་ཡུལ་ནི།བོད་ཆོལ་ཁ་གསུམ་དུ་ཕྱེ་བའི་མདོ་སྨད་རྟའི་ཆོལ་ཁ་ཡིན་ལ། སྔོད་ཆད་རྟ་མཆོག་གྱི་ལང་དང་འབྲུ་དཀར་གྱིས་མཚོན་པའི་ཕྱུགས་གཡང་མཚོ་ལྟར་རྒྱས་ཤིང་།  རྗེ་ཙོང་ཁ་པ། ལྕང་སྐྱ་རོལ་བའི་རྡོ་རྗེ། ཐུའུ་བཀན་ཆོས་ཀྱི་ཉི་མ།དཔའ་རིས་རབ་གསལ། དཔའ་རིས་རྐང་རྗེན་སོགས་མཁས་གྲུབ་སྐྱེས་ཆེན་དམ་པོ་མང་བོ་འཁྲུངས་ས། ལོ་རྒྱུས་ཀྱི་མི་སྣ་གྲགས་ཆེན་དཔའ་རིས་ལུང་དྲུག་གི་སྤྱི་དཔོན་འཕན་བློ་གྲོས་སོགས་མི་ཆེན་དཔོན་ཆེན་སྐྱེ་ས།དཔའ་སྡེ་རུ་འབོད་པའི་རྒྱུ་མཚན་མི་མཐུན་གཡུལ་ལས་རྒྱལ་བའི་དཔའ་བོ་མང་ས། ཞེ་རྒྱུད་དྲང་ཞིང་ཆོས་དང་འཇིག་རྟེན་གྱི་བྱ་བར་མཁས་པའི་མི་ཡ་རབས་དང་།ཁྱིམ་གྱི་བྱ་བར་མཁས་ཤིང་གཟུགས་ལང་ཚོ་མཛེས་པའི་མཛེས་མ་མང་བ་སོགས་མི་གཡང་འཁོར་ཞིང་། བཤད་སྒྲུབ་ཀྱི་དགོན་སྡེ་མང་དུ་ཆགས་ཤིང་མཁས་གྲུབ་ཀྱི་སྐྱེས་བོ་མང་བས་ཆོས་གཡང་དཔལ་འབར་བ།དཔའ་རིས་སྐད་རིགས་ཕུལ་བྱུང་གིས་མཚོན་པའི་གོས་རྒྱན་ཆ་ལུགས། ཡུལ་སྲོལ་གོམས་འདྲིས་སྤྱོད་ལམ་སོགས་བོད་རོང་འབྲོག་གི་ལུགས་སྲོལ་སྤྱི་དང་འདྲ་ས་མི་འདྲ་སའི་རིག་གནས་ཀྱི་ཁྱད་ཆོས་མང་བས་དཔའ་རིས་རིག་གནས་ཀྱི་ཡུལ་ལྗོང་ཆེན་པོ་ཞེས་པར་གྲགས་པ་དོན་ལ་གནས་པར་སྣང་ངོ་།   

དེ་ཡང་སྣོད་བཅུད་ཀྱི་རྟེན་འབྲེལ་རིག་གནས་ཡུལ་སྲོལ་གང་ཡང་མི་རྟག་པའི་ཆོས་ཉིད་ལས་མ་འདས་པས།ལོ་ཟླ་ཞག་དུས་ཀྱི་འགྲོས་ལྟར་སྐད་ཅིག་སྐད་ཅིག་གིས་འགྱུར་འགྲོ་བའི་གནས་ཚུལ་འདི་ལ་མཐའ་གཅིག་ཏུ་ཡར་རྒྱས་དང་མར་འགྲིབ་ཀྱི་གདེངས་འཇོག་དཀའ་བར་འདུག།གནའ་སྲོལ་དང་རིག་གནས་གང་ཡང་མི་རྣམས་ཀྱི་བློ་རིག་དང་འཚོ་བའི་རྒྱུད་རིམ་ལས་གོམས་གཤིས་སུ་ཆགས་ཤིང་།ཡུལ་དུས་འཚོ་གནས་ཀྱི་རྟེན་འབྲེལ་ལས་བྱུང་བ་ཡིན་པས། ཡུལ་དུས་གནས་བབས་ལས་བརྒལ་བའི་བཟང་ངན་དང་།རིགས་མི་རིགས་ཀྱི་ཤན་འབྱེད་གདེངས་འཇོག་བྱེད་མི་འོས། གོམས་གཤིས་ལ་ལ་དུས་ཐོག་དེར་མཚམས་ཤིང་མི་འཐད་པ་མེད་མོད།དུས་རབས་བརྒལ་ན་གློག་གི་སྒྲོན་མེ་དར་ས་སྣུམ་ནག་གི་སྒྲོན་མེ་སྦར་བ་བཞིན་མི་མཚམས་པར་གྱུར་བ་ཡོད་ལ།གོམས་སྲོལ་ལ་ལ་དུས་རབས་བརྒལ་ཡང་སྤྱི་ཚོགས་ཀྱི་འཚོ་བར་ཕན་པ་ཡོད་ལ། གོམས་སྲོལ་སྣ་ཁ་གཉིས་པོ་དེ་བླང་བྱ་དང་དོར་བྱ་བྱས་སྟེང་།རིག་གནས་གསར་བྱུང་ཁ་སྣོན་བྱས་ནས་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་དུ་གྱུར་བ་ཡིན། དེས་ན་སྲོལ་རྒྱུན་གང་ཡང་མཆོག་ཏུ་བཟུང་ནས་རིག་གནས་གསར་བ་དགོས་མེད་དུ་ལྟ་བ་དང་།རིག་གནས་གསར་བ་སྔོན་ཐོན་དང་རིག་གནས་རྙིང་བ་དགོས་མེད་དུ་ལྟ་བ་གང་ཡང་རྣམ་དཔྱོད་དང་ལྡན་པའི་མཁས་པའི་སྤྱོད་ཚུལ་མིན།སྲོལ་རྒྱུན་རིག་གནས་ནང་གི་ལེགས་ཆ་བླངས། སྐྱོན་ཆ་དོར། རིག་གནས་གསར་བ་ལ་ཡང་མཚམས་མི་མཚམས་དང་ལེགས་ཉེས་ཕྱེ་ནས་འདོར་ལེན་བྱེད་པ་ཀླད་པ་དྭངས་པའི་མི་རྣམས་ཀྱི་སྤྱོད་ཚུལ་ཡིན།སྤྱིར་རིག་གནས་ཟེར་བ་འདི་མི་རྣམས་ཀྱི་འཚོ་བའི་གོམས་གཤིས་སྤྱོད་ལམ་ཤེས་རིག་སྤྱིའི་མིང་ཡིན།  དེ་ཡང་མི་ཡི་འགྲོ་བ་ཆགས་བསྐལ་ནས་རིམ་གྱིས་བྱུང་ཞིང་ཡུལ་དུས་འཚོ་བའི་རྟེན་འབྲེལ་ལས་འདུས་བསགས་དང་འགྱུར་ལྡོག་གི་རྒྱུད་རིམ་ཁྲོད་ནས་ཆགས་པ་ཞིག་ཡིན་པས།

རིག་གནས་གང་ཡང་རྒྱུན་ཡོད་པའི་དངོས་པོ་ཞིག་ཡིན་པས་རིག་གནས་གསར་བ་གསར་རྐྱང་ས་བོན་མེད་པའི་འབྲུ་རིགས་དང་ཆུ་འགོ་མེད་པའི་ཆུ་རྔ་ལྟར་རྒྱུ་རྐྱེན་མེད་པའི་རིག་གནས་གསར་བ་མེད།དེའི་སྟབས་ཀྱིས་རིག་གནས་གསལ་བ་སྤེལ་བ་ལའང་སྲོལ་རྒྱུན་རིག་གནས་མེད་ཐབས་མེད་པས། དཔྱོད་ལྡན་མཁས་པ་ཀུན་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་འབོད་སྐུལ་བྱས་པ་ཡིན།

ད་ལམ་དཔའ་རིས་ཡུལ་གྱི་དམངས་སྲོལ་སྤྱོད་ལམ།གཏམ་དང་གླུ་སོགས་ལ་མཁས་ཤིང་རྒྱུས་ཡོད་པ། དཔའ་རིས་འཇུ་ལག་གི་སྨན་པ་མཁས་པ་བསོད་ནམས་ཚེ་རིང་གིས་དེང་སང་ཉམས་རྒུད་ཆེ་བའི་དཔའ་རིས་ས་ཆའི་གནའ་དུས་ཀྱི་དམངས་སྲོལ་རིག་གནས་འཇིག་སྐྱོབ་བྱེད་པའི་ལྷག་བསམ་རྣམ་དག་གི་སྒོ་ནས་བརྩམས་པའི་དཔའ་རིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་རྒྱས་བཤད་རབ་གསལ་མེ་ལོང་ཞེས་པ་འདི་ནི་ལོ་རྒྱུས་དཔྱོད་གཞིའི་རིན་ཐང་དང་།ཡུལ་སྲོལ་ཉམས་གསོའི་སློབ་དེབ་ཀྱི་རིན་ཐང་གཉིས་ཆར་ལྡན་པས་རྩོམ་ལེགས་ཤོས་ཤིག་ཏུ་བརྩི་ཆོག་ཆོག་ཡིན།

ཞེས་དཔའ་རིས་པ་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་རྣམ་དཔྱོད་མཆོག་གི་སྡེར་འབོད་པས་འགོ་བརྗོད་དུ་བྲིས།

 

相关文章:

2017藏历新年,祝大家扎西德勒!

这一生,多少人输在了这个字上?很短很精辟!

凡人觉悟了就是佛,佛是觉悟的凡人。

2017最开心的活法,只要记住两句话!

彻底否定主宰宇宙万物的造物主的存在

善待每一个遇见

埋怨,会吸光您的“养份”(福气)

今年最潮的4句实话!(特精辟)

多识活佛:苦和乐都是一种暂时的因缘和感受。

三穷三富过到老, 十年兴败谁知晓!

老祖宗留下的100个治病秘方,最好背下!很珍贵!

发表
26906人 签到看排名