རྗེའི་བསྟོད་འགྲེལ།༼ ༣༽(藏语)

发表于 讨论求助 2021-01-09 08:06:58

多识仁波切——甘肃天祝藏族自治县朵什寺第六世寺主活佛,西北民族大学教授、博士生导师。本号覆盖1000000以上用户,欢迎关注!

 

རྣམ་འབྱེད་ཀྱི་ཤེས་རབ་མེད་པའི་བླུན་པོ་ཞིག་་ཡིན་ན།རང་གི་ཆོས་བརྒྱུད་ཀྱི་བླ་མའམ་གྲུབ་ཆེན་ཞིག་གི་གསུང་སྒྲོས་ཡིན་ཚད་ལ་བདེན་པར་འཛིན་པ་མ་གཏོགས་ཐེ་ཚོམ་སྐྱེ་བའམ།བརྟག་དཔྱད་ཀྱིས་ཡིན་མིན་བདེན་རྫུན་འབྱེད་པའི་རིགས་པའི་རྗེས་འབྲང་གི་སྤོབས་པ་ཞིག་སྐྱེ་བའི་གནས་མེད་དོ།ཡང་ན་བླུན་པོ་དད་པ་བརྟན།།དེ་ལ་མཆོག་གི་དངོས་གྲུབ་ཉེ།།ཞེས་ཟེར་མོད།དད་པའི་གནས་མ་ཡིན་པ་ལ་རྨོངས་དད་བྱས་ནས་མཆོག་གི་དངོས་གྲུབ་བརྙེས་ན་ཡང་དག་པ་དང་ལོག་རྟོག་གི་རྣམ་དབྱེ་མེད་པར་མི་འགྱུར་རམ།རྗེ་བླ་མ་ནི་ལུང་རིགས་བརྒྱ་ཕྲག་གིས་ཡིན་ལུགས་གཏན་ལ་མ་ཕེབས་པའི་དོན་ཞིག་ཅོལ་ཆུང་བྱིས་པའི་ངང་ཚུལ་གྱིས་ཁས་ལེན་མི་བྱེད་པས་སྔ་ན་མེད་པའི་ལེགས་བཤད་གསེར་བཙོ་མ་དང་འདྲ་བ་ཤ་སྟག་བྱུང་བ་རེད།དེ་འདྲ་ཡིན་པས།མཁས་གྲུབ་ཆོས་ཀྱི་རྒྱལ་བོས།རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས།།ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་།།ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས།།དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས།།ཞེས་པར་གསུངས་སོ།།

       རྗེའི་ལུགས་དང་བོད་སྔ་མའི་ལུགས་ཀྱི་ལྟ་བའི་ཁྱད་པར་ཡང་།མདོ་དང་རིགས་ཚོགས་སོགས་གཞུང་འགྲེལ་དག་ལ་རིགས་ལམ་བརྒྱ་ཕྲག་གིས་དཔྱད་པ་བྱས་མ་བྱས་དང་།ཞིབ་ཆ་ཐོན་མ་ཐོན།དོན་གནད་གལ་ཆེན་རྣམས་ལ་གོ་བ་གཏིང་ཕྱིན་ཡིན་མིན་དང་།རྗོད་བྱེད་ཀྱི་ཚིག་སྦྱོར་ལ་ཞིབ་ཚགས་ཡོད་མེད་སོགས་ཀྱི་སྟེང་ནས་བྱུང་བ་རེད་དེ།ལྕང་སྐྱའི་ལྟ་མགུར་ལས།འོན་ཀྱང་གཞུང་ལུགས་ལ་སྦྱངས་པ་ཆུང་རྣམས།།ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས།།ཞེས་དང་།དེ་ཡང་མཁས་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།བོད་ཀྱི་དུས་རབས་རིམ་བྱོན་གྱི་གསུང་རྩོམ་ལ་བལྟས་ན།ཚིག་སྦྱོར་གྲིམ་ཤ་ཆེ་ཞིང་ངེས་པ་སྟེར་ཚབས་ཆེ་པ་དེ་རྗེ་ཙོང་ཁ་བ་ནས་བྱུང་བ་རེད་ཅེས་གསུངས།བོད་སྔ་ཕྱིའི་ལུགས་འཛིན་གྱི་གྲུབ་མཐའ་ཕན་ཚུན་གྱི་བར་དུ་ཚིག་གི་གྲིམ་ལྷོད་དང་གོ་བའི་རགས་ཞིབ་ཀྱི་ཁྱད་པར་ཡོད་པར་མ་ཟད།རྗེ་བླ་མ་ལ་ཡང་ཐོས་བསམ་མཐར་མ་ཕྱིན་པའི་གནས་སྐབས་ཀྱི་གསུང་རྩོམ་ལེགས་བཤད་གསེར་ཕྲེང་ནང་གི་ལྟ་བའི་སྐོར་དང་།སྟག་ངུའི་རྟོགས་བརྗོད་སོགས།ཐོས་བསམ་མཐར་ཕྱིན་པའི་གནས་སྐབས་ཀྱི་གསུང་རྩོམ་དབུ་མའི་གཞུང་ཆེན་དྲུག་སོགས་དང་གསུང་ཚུལ་མི་འདྲ་ཞིང་།རྗེ་རང་ལུགས་ནི་ཕྱིས་རྩོམ་དབུ་མའི་གཞུང་དྲུག་གི་གསུང་ཚུལ་དེ་ལ་ངོས་འཛིན་བྱེད་ཀྱིན་ཡོད།ཚན་རིག་གི་གཞུང་ལ་མཚོན་ནའང་དུས་རབས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཇེ་ཟབ་དང་ཇེ་ཞིབ་ཏུ་སོང་བའི་འཕེལ་རིམ་ངེས་ཅན་ཞིག་ཡོད་པ་དང་།མི་ལ་མཚོན་ནའང་བྱིས་པའི་གནས་སྐབས།དར་མའི་གནས་སྐབས།རྒན་པོའི་གནས་སྐབས་ཡོད་ལ།མི་ཚེ་གཅིག་གི་གནས་སྐབས་སོ་སོར་ལུས་ཀྱི་སྟེང་ན་མི་འདྲ་བའི་ཁྱད་པར་ཡོད་པར་མ་ཟད།མཐོང་ཐོས་ཀྱི་ཤེས་བྱ།འཚོ་བའི་ཉམས་མྱོང་སོགས་ལོ་དང་ཟླ་བར་བསོགས་ནས་ཇེ་མང་དུ་སོང་བའི་གོ་རིམ་ལྟར་བློ་སྟོབས་ཤེས་རབ་ཀྱང་ཇེ་ཆེར་འཕེལ་བ་མངོན་སུམ་གྱི་སྤྱོད་ཡུལ་ཡིན་ལ།འཇིག་རྟེན་ན་ཡང་མི་རྒན་བསམ་ཤེས་ཞེས་པར་གྲགས།དེ་ན་སངས་རྒྱས་བྱང་སེམས་ཡིན་ཡང་མི་ཡི་སྐྱེ་བ་བཟུང་ན་མི་ཡི་སྤྱི་མཐུན་གྱི་ཁྱད་ཆོས་དེ་རིགས་ཡོད་དགོས།དེའི་སྟབས་ཀྱིས་རྗེ་བླ་མ་ལ་ཡང་དགོང་ལོ་བཞི་བཅུའི་སྔོན་ཆད་ཀྱི་སྔ་རྩོམ་དང་།དགོང་ལོ་བཞི་བཅུ་ཕྱིན་ཆད་ཀྱི་ཕྱི་རྩོམ་གྱི་ཁྱད་པར་དེ་བྱུང་བ་རེད།གུང་ཐང་བསྟན་པའི་སྒྲོན་མེའི་རྗེ་བསྟོད་འགྲེལ་ཆེན་མོ་ལས།ས་རྙིང་བཀའ་བརྒྱུད་སོགས་རྩ་བའི་སློབ་དཔོན་རྣམས་ཀྱི་བཞེད་པའི་དབང་དུ་བྱས་ན་ལྟ་བའི་དབྱེ་བ་ཆེར་མེད་དོ།ཞེས་དང་།རྫོགས་ཆེན་གྱི་ལྟ་བའང་ཐོག་མ་ནས་སྐྱོན་དང་བཅས་པ་མིན་ཡང་བར་སྐབས་སུ་བསྲེ་ལྷད་ཞུགས་པས་དྲི་བཅས་སུ་སོང་ཞེས་གསུངས་ཤིང་།ཇོ་གདན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པའི་རྗེའི་རྣམ་ཐར་ལས།རྫོགས་ཆེན་གྱི་ལྟ་བ་འདི་རྣམ་དག་ཡིན་མིན་ཞུས་པ་ལ་རྗེའི་ཞལ་ལས།རྣམ་དག་ཡིན་ཀྱང་ཕྱིས་ཀྱི་མི་མཁས་པ་དུ་མས་བློས་བྱས་ཀྱི་ལྷད་པ་ཞུགས་འདུག་ཅེས་གསུངས་ཞེས་བྱུང་།དབུ་མའི་གཞུང་འགྲེལ་ཚུལ་སོགས་ལ་ཡང་སྔོན་ཆད་ལྷད་པ་དེ་འདྲ་བྱུང་བས།ལུགས་བཟང་འདི་ཡང་མི་མཁས་པའི།།སྐྱེས་བོ་བལ་བ་ཛ་བཞིན་དུ།།རྣམ་པ་ཀུན་ཏུ་འཛིངས་བར་བྱས།།ཞེས་གསུངས་པ་རེད།གཟུ་བོར་གནས་པས་བལྟས་ན།རྗེ་བླ་མས་ལྟ་སྤྱོད་ཀྱི་གཞུང་ལུགས་ཀུན་ལ་ལུང་རིགས་ཀྱིས་དྲི་བསལ་བྱི་དོར་གནང་བ་དེ་བསྟན་པ་སྤྱི་ལ་གཅེས་སྤྲས་དང་།གདུལ་བྱ་རྣམས་ལམ་གྱི་གོལ་ས་ལས་སྐྱོབ་པའི་ཐུགས་བརྩེ་མཛད་པ་ཁོ་ན་ལས་མཁས་པ་སྔ་མ་རྣམས་ལ་མ་གུས་པ་དང་སྡང་བ་སོགས་ཀྱི་ཉེས་སྐྱོན་ག་ལ་འཇུག་སྟེ།ཕྱོགས་གླང་གིས།དེ་ལྟའང་དེ་བཞིན་གཤེགས་པའི་ཆོས་ཀྱི་མཚན་་ཉིད་རྣམས།།གལ་ཏེ་གཞན་དུ་འགྲོ་ན་དཔྱད་པར་བྱ་བའི་རིགས།།ཞེས་དང་།ས་པཎ་གྱིས།དམ་ཆོས་འཁྲུལ་དང་མ་འཁྲུལ་བ།།སྐྱེ་བ་གཏན་གྱི་གྲོས་ཡིན་པས།།འདི་ཡི་ལེགས་ཉེས་དཔྱོད་པ་ལ།།སྡང་ཞེས་སྨྲ་ན་རང་སྐྱོན་ཡིན།།བསྟན་བཅོས་ལ་ཡང་།གང་ཞིག་ནི་ཡང་དག་པའི་ལུང་དང་།དངོས་སྟོབས་ཀྱི་རིགས་པ་དང་མཐུན་ཞེས་རྣམ་པར་དཔྱད་དགོས་ཀྱི།ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་བ་ནི་ཚུལ་མ་ཡིན་ནོ།ཞེས་པར་གསུངས་སོ།

                                                                                                    བསྟུད་མར་འགོད་རྒྱུ་ཡིན༼སྒྲིག་པ་བོའི་མཆན༽

 

喜欢的朋友,请在页尾点赞。阅读开智慧,分享积功德;分享越多;福报越大。




欢迎添加微信号:

duoshi88(可长按复制)


长按识别2维码

关注多识活佛 

发表
26906人 签到看排名